ཀ་ཤ་དང་ངོ་འཛོལ་ཏེ་ མི་ལུ་དུག་མདའ་རྐྱབ་མིའི་རྩོད་བཤེར་ ཁྲིམས་འདུན་ལུ་བཙུགས་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ པདྨ་ཐང་ལས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་གིས་ ཆ་རོགས་ཅིག་ལུ་ རི་དྭགས་ཀ་ཤ་དང་ངོ་འཛོལ་ཏེ་ དུག་མདའ་རྐྱབ་སྟེ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ བསམ་གྲུབ་ཆོས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༠ ལུ་ སྨན་ཆ་རི་ཟེར་སའི་ གཡུས་མི་ཕོ་སྐྱེས་༤ གིས་ ལོ་གསར་གྱི་དོན་ལུ་ ཤ་བདའ་བར་འགྱོཝ་ད་ བྱུང་བྱུངམ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ ཀུན་བཟང་རྒྱལ་མཚན་གྱིས་ ཚེ་འདས་ཀྱི་སྤུན་ཆ་ཚུ་ལུ་ ལོ་ངོ་བཅུ་ཐམ་གྱི་ རྒུད་འཐུས་དངུལ་ཀྲམ་༤༥༠,༠༠༠ དང་ རོ་བསྡུ་དགེ་རྩའི་འཐུས་ དངུལ་ཀྲམ་༤༥,༨༧༥ སྤྲོད་དགོཔ་ཨིན་པས།
རྒུད་འཐུས་དེ་ཡང་ བྱ་ངན་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༡༤༢ པའི་ ཀ་པ་དང་ འགལ་ཡོདཔ་ལས་ ཁྲིམས་དེབ་ཀྱི་ དོན་ཚན་༡༤༣ པ་ལྟར་ དབྱེ་རིམ་བཞི་པའི་ཉེས་ཆེན་ བཀལ་དགོཔ་འདུག་ཟེར་ཞུ་ནུག།
ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་འབྲུག་རྒྱས་དང་ གཞན་ཆ་རོགས་༢ ཀྱིས་ ཚལ་མ་ནང་ལས་ ཤ་བདའ་འོངམ་ད་ ཁོ་ར་ ཤ་བསྒུགས་མི་སྦེ་སྡོད་པའི་སྐབས་ ས་ཁོངས་ནང་ལས་ སེམས་ཅན་དམརཔོ་ཅིག་འོང་ས་མཐོང་སྟེ་ ཁོ་གིས་ མིག་ཏོ་ཚར་གསུམ་དེ་ཅིག་ འཕྱགས་བལྟ་རུང་ ཀ་ཤ་ར་ཨིནམ་སྦེ་ མཐོང་མི་ལུ་བརྟེན་ མདའ་རྐྱབ་ད་ ཉམས་རྒུད་པའི་ ཕྱག་ལྟག་གཡོན་པའི་གུ་ ཕོག་ནུག་ཟེར་ཨིན་པས།
ཁོང་ཆ་རོགས་༣ གྱིས་ དེ་འཕྲོ་ལས་ མདའ་ཕོག་མིའི་ནང་ལས་ དུག་བཏོན་བཏང་སྟེ་ བསམ་ཆོས་གླིང་ དྲུང་ཁག་སྨན་ཁང་ནང་ བསྐྱལ་ཡོད་རུང་ སྲོག་སྐྱབས་འབད་མ་ཚུགསཔ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༧ ལུ་ ཉེས་ཅན་ ཀུན་བཟང་རྒྱལ་མཚན་དང་ ཚེ་འདས་ཉམས་རྒུདཔ་ ཆ་རོགས་རྡོ་རྗེ་ གསང་སྔགས་རྡོ་རྗེ་༤ བསྟུན་གྲོས་འབད་དེ་ ཟླཝ་དང་པའི་ལོ་གསར་གྱི་དོན་ལུ་ ཤ་བདའ་བར་སོང་སོངམ་ཨིན་པས།
ཚེ་འདས་དང་ ཀུན་བཟང་རྒྱལ་མཚན་ དེ་ལས་ གསང་སྔགས་རྡོ་རྗེ་གསུམ་ སྤྱི་ཟླ་༢ པའི་ཚེས་༩ ལས་ར་ ཤ་བདའ་བར་ སྨན་ཆ་རིའི་ ནགས་ཚལ་ནང་སོང་ཡོད་རུང་ ཀ་ཤ་ཅིག་ཡང་མ་ཐོབ་ལས་ ཁོང་ཆ་ཁྱབ་ ཞག་ཡང་ནགས་ཚལ་ནང་ སྡོད་ཡོདཔ་ཨིན་པས།
ནངས་པར་དྲོ་པ་ ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར་ རྡོ་རྗེ་གིས་ ཤ་བདའ་བར་སོང་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལ་ ཁོ་གིས་རྟིང་བདའ་སོང་སྟེ་ ཤ་བདའ་མིའི་གྲས་ཁར་ འཛུལ་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ ཤ་བདའ་ནིའི་དོན་ལུ་ རྡོ་རྗེ་དང་ གསང་སྔགས་རྡོ་རྗེ་ དེ་ལས་ ཚེ་འདས་གསུམ་གྱིས་ ཚལ་མ་ནང་ལས་ སེམས་ཅན་སྐྱོར་ནི་དང་ ཀུན་བཟང་རྒྱལ་མཚན་གྱིས་ ཤ་བསྒུགས་མི་སྦེ་ སྡོད་ནི་ལུ་ ཁ་འཆམ་བྱུང་ནུག།
ཉིན་མ་ཆུ་ཚོད་༡༡ དེ་ཅིག་ཁར་ ཀུན་བཟང་རྒྱལ་མཚན་གྱིས་ མི་ཊར་༡༠༠ དེ་ཅིག་ཁར་ སེམས་ཅན་དམརཔོ་ཅིག་འོང་ས་མཐོང་སྟེ་ ཁོ་གིས་མདའ་རྐྱབ་ཅིག་ མིའི་སྐད་གོ་སྟེ་ སས་གནས་ཁར་འགྱོ་བལྟ་བའི་བསྒང་ལས་ ཚེ་འདས་འབྲུག་རྒྱས་གུ་ མདའ་ཕོག་ཡོདཔ་མཐོང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྐྱེན་ངན་དེ་ལུ་ དབྱེ་ཞིབ་འབད་བའི་སྐབས་ ཉེས་ཅན་གྱིས་ སྣང་མེད་སྦེ་འཐབ་པའི་ ལཱ་བྱ་ལུ་བརྟེན་ མིའི་ཚོ་སྲོག་ལུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ ཉམས་རྒུདཔ་དེ་ ཚེ་ལས་འདས་སོཔ་ལས་ སྤུན་ཆ་ཚུ་ལུ་ རྒུད་འཐུས་སྤྲོད་དགོ་པའི་ ཉེས་འཛུགས་འབད་ནིའི་ ཐག་བཅད་ནུག།
ཁོང་གི་ཆ་རོགས་ རྡོ་རྗེ་དང་ གསང་སྔགས་རྡོ་རྗེ་༢ ཀྱིས་ཡང་ གཞུང་དབང་ནགས་ཚལ་ནང་ ཤ་བདའ་མི་དེ་ ཁྲིམས་འགལ་ཨིན་རུང་ ཁོང་གིས་ སེམས་ཅན་གཅིག་ཡང་ བསད་མ་ཚུགསཔ་ལས་ ཁོང་གཉིས་ལུ་ ཉེས་འཛུགས་མ་བཀལཝ་ཨིན་པས།
ཉེས་འཛུགས་ཅན་ལུ་ དང་བླངས་མེན་པའི་རྟོགས་མེད་གདོང་ཐུགས་ཀྱི་ ཉེས་འཛུགས་འབད་ཡོད་རུང་ གཞན་མི་༢ ཀྱིས་རྒྱུད་བསྐུལ་སོགས་གང་ཡང་འབད་དེ་མེདཔ་ལས་ ཉེས་འཛུགས་བཀལ་ཐབས་མིན་འདུག་ཟེར་ བཤེར་ཡིག་ནང་བཀོད་ནུག།
ཉེས་འཛུགས་ཅན་དང་ རྡོ་རྗེ་ དེ་ལས་ སངས་སྔགས་རྡོ་རྗེ་ཚུ་ སྤྱི་ཟླ་༢ པའི་ཚེས་༡༢ ལུ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་དེ་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ གློད་གྲོལ་བཏང་ཡོདཔ་ད་ བཤེར་ཡིག་དེ་ རྩོད་བཤེར་དོན་ལུ་ འདས་པའི་བདུན་ཕྲག་ནང་ དྲུང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *