༉ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ བློ་གཏད་ཚུགསཔ་ ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་ནང་ རྩི་རང་ལས་ཨིན་མི་ ཀ་ལེ་འབྲུག་པ་གིས་ གྲོས་བསྡུར་འབད་མི་ རྩོད་དོན་དེ་ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ཨིན།
བཙག་འཐུ་ལས་ཁུངས་ཀྱི་ འགོ་འཛིན་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ལྷན་ཚོགས་ཀྱིས་ ཤེསཔ་ཅིག་ར་ བྱ་སྒོའི་རིམ་པ་དང་འཁྲིལ་ཏེ་ ཞིབ་དཔྱད་འབད་ཡོདཔ་མ་ཚད་ སྙན་ཞུ་ཚུ་ཡང་ འབད་ཚར་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབདབ་ཅིན་ རྩི་རང་ལས་ཨིན་མི་ ཀ་ལེ་འབྲུག་པ་གིས་ ཁོ་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ བློ་གཏད་ཚུགསཔ་ཡོདཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ངེས་བདེན་ཨིན་རུང་ དེ་ཚུ་ མི་གཞན་གྱི་སླབ་མི་དང་ ཁོ་གིས་གོ་མི་དང་འཁྲིལ་ཏེ་ སླབ་ཡོདཔ་སྦེ་ཨིན་པས།
ད་རུང་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ཞིབ་དཔྱད་འབད་བའི་སྐབས་ ཚོགས་པ་དང་འབྲེལ་བ་ག་ཅི་ཡང་ འབད་དགོཔ་མེད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ མི་ངོམ་ཅིག་གིས་ མ་བདེན་པའི་བློ་ཚུ་ སླབ་སྦེ་ཐོན་སོ་པ་ཅིན་ མི་ངོམ་དེ་ར་ ཞིབ་དཔྱད་འབད་ནི་མ་གཏོགས་ མི་དེ་གིས་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་ ག་དང་གཅིག་ཁར་ འབྲེལ་བ་ཡོདཔ་ཨིན་ནའི་སྐོར་ལས་ ལྟ་ནི་མེད་ཟེར་ཨིན་པས།
ཀ་ལེ་འབྲུག་པ་ཁོ་ར་ རྩི་རང་གི་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ཨིན་པས།
གནད་དོན་འདི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ ཐོན་ཡོདཔ་ལས་ ལྷན་ཚོགས་ཀྱིས་ དེ་འཕྲོ་ལས་ ཞིབ་དཔྱད་འབད་དགོཔ་ཐོན་སོ་ཡི་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
མ་གཞི་ ཁོ་ར་གིས་ རོགས་ཀྱི་སླབ་མི་ལུ་ཉན་ཏེ་ སླབ་ཡོད་དེ་འབད་རུང་ ཁོ་གིས་འབད་མི་དེ་ བཙག་འཐུ་གི་བཅའ་ཁྲིམས་ལས་ འགལ་བ་ཨིནམ་ད་ གནད་དོན་དེ་ ཉེས་རིམ་ནང་ཚུད་ནི་དེ་གིས་ ལྷན་ཚོགས་ཀྱི་འགན་དབང་མེནམ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་སྦེ་ཨིན་པས།
ལྷན་ཚོགས་ཀྱིས་ ཀ་ལེ་འབྲུག་པའི་གནད་དོན་དེ་ བཙག་འཐུའི་བཅའ་ཁྲིམས་ཀྱི་དོན་ཚན་༥༦༠ ག་པ་དང་འཁྲིལ་ཏེ་ ཉེས་འཛུགས་བཀལ་ཡོདཔ་ད་ དེ་ནང་ གལ་སྲིད་ མི་ངོ་ཅིག་གིས་ རྫུན་མ་ཨིནམ་ཤེས་པའམ་ རྫུས་མ་ཨིན་པའི་ཡིད་ཆེས་བསྐྱེད་པ་ ཡང་ཅིན་ བདེན་པ་ཨིན་པའི་ཡིད་ཆེས་མེད་པའི་ བཙག་འཐུ་འགོ་འདྲེན་དང་འབྲེལ་བའི་གནོད་དོན་སྐོར་ལས་ ངག་བརྗོད་དང་ ཡང་ན་ ཡིག་ཐོག་གསལ་བསྒྲགས་འབད་བ་ཅིན་མི་ངོ་དེ་ ངག་བརྗོད་རྫུན་མ་བཀོད་པའི་ ཉེས་སྐྱོན་ཨིན་པ་ བརྩི་དགོ་ཟེར་ཨིན་པས།
ཀ་ལེ་འབྲུག་པ་གིས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་ཐོག་ལས་ གྲོས་བསྡུར་འབད་ཡོདཔ་ལས་ རྒྱལ་ཁབ་ནང་ ཝི་ཅེཌ་ལག་ལེན་འཐབ་མི་ མང་རབས་ཅིག་ཡོདཔ་ལས་ དེ་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལུ་ གནོད་སྲིད་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་རིང་ མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ བཙག་འཐུའི་རིམ་ལུགས་ལུ་ ཡིད་ཆེས་བསྐྱེད་དེ་སྡོད་མི་དེ་ཡང་ ཁོང་གི་འཕྲིན་ཡིག་འདི་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ཡང་ གནོད་སྲིད་ནི་མས་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཁོ་ལུ་ བཙག་འཐུ་བཅའ་ཁྲིམས་ཀྱི་དོན་ཚན་༥༡༩ དང་འཁྲིལ་ཏེ་ ཉེས་འཛུགས་བཀལ་ཡོདཔ་ད་ དེ་ཡང་ གལ་སྲིད་མི་ངོ་ཅིག་ལུ་ ཁོ་/མོ་གི་བཙག་འཐུ་དང་འབྲེལ་བའི་ཐོབ་དབང་ རང་དབང་གིས་ཐོག་ལས་ ལག་ལེན་འཐབ་པའི་སྐབས་ ཐད་ཀར་དང་ ཡང་ན་ ཐད་ཁར་མིན་པའི་ཐོག་ལས་ བར་དཀྲོགས་རྐྱབ་མི་ མི་ངོ་དེ་ གནོད་འགྲུལ་གྱི་ ཉེས་སྐྱོན་ཨིན།
ཨིན་རུང་ མི་དམངས་སྲིད་བྱུས་དང་ ཡང་ན་ མི་དམངས་ལུ་དང་ལེན་གྱིས་ ཁས་བླངས་འབད་བའི་གསལ་བསྒྲགས་ཀྱི་རིགས་ཚུ་ ཡང་ན་ བཙག་འཐུ་དང་འབྲེལ་བའི་ ཐོབ་དབང་ལུ་ བར་དཀྲོགས་རྐྱབ་ནི་གི་ དམིགས་ཡུལ་མེད་པར་ ཁྲིམས་མཐུན་གྱི་དལ་དབང་ ལག་ལེན་འཐབ་པའི་རིགས་ཚུ་ དོན་ཚན་འདི་ནང་ བཀོད་ཡོད་པའི་ བར་དཀྲོགས་རྐྱབ་པའི་གྲངས་སུ་ མི་ཚུད་ཟེར་ཨིན་པས།
ད་རུང་ བཅའ་ཁྲིམས་ཀྱི་དོན་ཚན་༥༢༡ དང་འཁྲིལ་ ཉེས་འཛགས་བཀལ་ཡོདཔ་ད་ དེ་ཡང་ མི་ངོ་ཅིག་གིས་ ཆོས་ལུགས་སམ་ མི་སྡེ་དང་ ཡང་ན་ ཁ་སྐད་དམ་ དབྱེ་བ་གཞན་ཚུ་ གཞིར་བཞག་ཐོག་ ཚོགས་རྒྱན་བཙུགས་དགོ་ ཡང་ན་ མ་བཙུགས་ཟེར སླབ་པ་ཅིན་ མི་ངོ་དེ་ མ་མཐུནམ་བཟོ་བའི་ རྒྱུད་བསྐུལ་གནོད་འགེལ་གྱི་ ཉེས་སྐྱོན་ཨིན་པས།
ཨིན་རུང་ བཙག་འཐུ་འགོ་དཔོན་ཚུ་གིས་ ཀ་ལེ་འབྲུག་པ་ལས་ དབང་བཟུང་འབད་དེ་ཡོད་མི་ འགྲུལ་འཕྲིན་མོ་བཱལ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ལོག་ཁོ་ར་ལུ་ སྤྲོད་ཡོདཔ་ཨིན་པས།
རྩི་རང་སེམས་ལྗོངས་ལས་ཨིན་མི་ སྐྱེས་ལོ་༥༡ ལང་མི་ ཀ་ལེ་འབྲུག་པ་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ནང་ སྙན་གསན་གྱི་དོན་ལུ་ཡང་ འབོ་ནུག།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ ན་ཧིང་སྤྱི་ཟླ་༡༢ པའི་ནང་ གྲོས་བསྡུར་འབད་ཡོདཔ་ཨིན་རུང་ ཁོ་དང་ རྩི་རང་གི་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་བགྲེསཔ་གཉིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༩ དང་༡༠ ལུ་རྐྱངམ་གཅིག་ དྲི་དཔྱད་ཀྱི་དོན་ལུ་ འབོ་ཡི་ཟེར་ཨིན་པས།
ཀ་ལེ་འབྲུག་པ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་ འགོ་དཔོན་༦ གིས་ དྲི་དཔྱད་འབད་བའི་སྐབས་ དྲི་བ་ཁག་༦ བཀོད་དོ་ཡོདཔ་ད་ དེ་ནང་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ལུ་ ཡིད་ཆེས་ཡོད་མེད་ཀྱི་སྐོར་ལས་ ག་ཅི་སྦེ་གྲོས་བསྡུན་འབད་དགོཔ་ཨིན་ན་དང་ ཁོ་དང་མཉམ་རོགས་ཚུ་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་ལུ་ ག་ཅི་སྦེ་ བསམ་པ་མ་རྫོགསཔ་སྨོ་ དེ་ལས་ ཝི་ཅེཌ་སྡེ་ཚན་ནང་ གྲོས་བསྡུར་འབད་མི་ འཐུས་མི་ཚུ་ ག་ཏེ་ཡོདཔ་ཨིན་ན་ཚུ་ དྲི་དཔྱད་འབད་ཡོདཔ་སྦེ་ཨིན་པས།
ཁོ་གིས་འབད་ཅིན་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ དཀྲོགས་ཡོད་པའི་སྐོར་ལས་ ག་ལུ་ཡང་ ཁ་ཉེས་བཀལ་ཏེ་མེད་རུང་ རྒྱལ་ཁབ་ཀྱི་ ཚོགས་རྒྱན་བཙུགས་ནིའི་རིམ་ལུ་ འགྱུར་བཅོས་འབདབ་ཅིན་ཟེར་ ཆ་རོགས་ཚུ་དང་གཅིག་ཁར་ དེ་སྦེ་རང་ གྲོས་བསྡུར་འབད་ཡོདཔ་སྦེ་ཨིན་པས།
དེ་སྦེ་འབད་མི་དེ་ཡང་ མི་སེར་སོ་ནམ་པ་ཅིག་འབད་ནི་དེ་གིས་ མ་ཤེས་མ་མཐོངམ་འབད་ཡོདཔ་ལས་ ལྷན་ཚོགས་ལུ་ གནོད་ཉེན་བྱུང་ཡོད་པ་ཅིན་ བཟོད་པ་བཞེས་གནང་དགོཔ་སྦེ་ ཞུ་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།