༉ བཀྲིས་སྒང་ཁྲོམ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་ཁར་ ཕྱགས་སྙིགས་བཀོག་སའི་ལྟག་ལུ་ ས་གནས་རྩ་ལོ་ལུ་ཡོད་མི་ རོ་ཁྱི་བཞག་སའི་ས་ཁོངས་དེ་ལུ་ འདས་པའི་ཟླཝ་༤ དེ་ཅིག་གི་ཧེ་མར་ མི་༡ གིས་ ཁོ་རའི་སྣུམ་འཁོར་ནང་ལས་ རོ་ཁྱི་ཕྱུག་གུ་ཅིག་ བཀོག་བཞག་ཡོདཔ་ཨིན་པས།
དེའི་ནངས་པར་ ཀ་རུ་ན་རོ་ཁྱི་བཞག་ཁང་ བདག་འཛིན་འཐབ་མི་ ཚེ་དབང་དང་ མོ་རའི་ཨ་ལོ་ཆུང་ཤོས་དེ་ ཕྱི་རུ་དལ་རྒྱུག་འབད་དེ་ ལོག་འོང་པའི་སྐབས་ རོ་ཁྱིའི་ཕྱུག་གུ་ཅིག་ ཕྱགས་སྙིགས་བཀོག་ས་ལས་ སྤར་ནི་མེདཔ་སྦེ་ མཐོང་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ རོ་ཁྱི་དེ་ སྤར་ནི་མེད་པའི་ཁར་ སྐད་ཡང་རྐྱབ་ནི་མིན་འདུག་ཟེར་ཨིནམ་ད་ མོ་རའི་ཨ་ལོ་གིས་ བུང་གཏང་ནི་འདུག་ཟེར་སླབ་ཡོདཔ་ལས་ མོ་གིས་ ཁོང་ར་སྡོད་སར་ འབག་བསྐྱལ་ཡི་ཟེར་ཨིནམ་ད་ རོ་ཁྱི་ལུ་ལྟོ་བྱིན་ཞིནམ་ལས་ སྨན་བྱིན་ཏེ་ ཆུ་འཁྱུ་ཡི་ཟེར་ཨིནམ་ད་ རོ་ཁྱི་དེ་ དྲག་པའི་མནོ་བསམ་ར་ མ་གཏང་ཟེར་ཨིན་པས།
རོ་ཁྱི་ལུ་ སྨན་བཅོས་འབད་རུང་ གནས་སྟངས་དེ་ཡར་དྲག་འགྱོ་ནི་མེདཔ་ལས་ ཕྱུག་གུ་དེ་ ཤི་སོ་ནུག་ཟེར་ ས་དོང་ནང་བཙུགས་ནིའི་ ཐག་མ་བཅད་པའི་ཧེ་མར་ ཤིང་གུ་བཀལ་བཞག་ཡི་ཟེར་ཨིནམ་ད་ དེའི་ནངས་པ་དྲོ་པར་ རོ་ཁྱི་ཕྱུག་གུ་དེ་གིས་ ལོང་ཞིནམ་ལས་ སྐད་རྐྱབ་ད་ ཧ་ལས་ཡི་ཟེར་ཨིན་པས།
རོ་ཁྱི་ཕྱུག་གུ་ མིག་སེར་མོ་དེ་ ད་རེས་གཟུགས་ཁམས་སྒྲིང་སྒྲི་སོང་ཡོདཔ་ལས་ མོ་ར་ རོ་ཁྱི་གཞན་མི་༤༠ དང་གཅིག་ཁར་ རོ་ཁྱི་བཞག་ཁང་ནང་ བཞག་དོ་ཡོདཔ་ད་ རོ་ཁྱི་བདག་འཛིན་པ་ ཚེ་དབང་ལྷ་མོ་གིས་ རོ་ཁྱི་བདག་འཛིན་འབད་ནི་དེ་ ལོ་༢ དེ་ཅིག་གི་ཧེ་མར་ རྩིས་ལེན་ཡོདཔ་ཨིན་པས།
རོ་ཁྱི་གི་བཞག་ཁང་དེ་ རྩིས་མ་ལེན་པའི་ཧེ་མར་ རོ་ཁྱི་༧ དེ་ཅིག་ཡོད་ཟེར་ ཚེ་དབང་ལྷ་མོ་གིས་ བཤད་པའི་ཁར་ དེ་བསྒང་ རོ་ཁྱི་ག་ར་ ཞན་ཁོག་སྦེ་མཐོང་ཡི་ཟེར་ཨིནམ་ད་ རོ་ཁྱི་ཚུ་ལུ་ ཐུགཔ་རྐྱངམ་གཅིག་བྱིན་བཞགཔ་ལས་ མོ་གིས་ ལྟོ་བྱིན་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རོ་ཁྱི་ཚུ་ལུ་ ཐུགཔ་བྱིན་མི་ལས་སོར་ཏེ་ ལྟོ་དང་མར་ དེ་ལས་ ཚོད་བསྲེ་གི་རིགས་ཚུ་ སླ་བསྲེས་ཏེ་ བྱིན་ནི་འགོ་བཙུགས་ཡི་ཟེར་ཨིནམ་ད་ ང་བཅས་མི་བཟུམ་སྦེ་ར་ ཁོང་ཡང་ ལྟོ་སོ་སོ་བཟའ་ནི་ལུ་ དགའ་བས་ཟེར་ཨིན་པས།
རོ་ཁྱི་བདག་འཛིན་པ་གིས་ སླབ་མིའི་ནང་ རོ་ཁྱི་ཚུ་གིས་ ཚོད་བསྲེ་དང་གཅིག་ཁར་ ལྟོ་སླ་བསྲེས་ཏེ་བྱིནམ་ད་ ལྟོ་མངམ་བཟའ་ནི་འདུག་ཟེར་ཨིནམ་ད་ རོ་ཁྱི་ཚུ་ལུ་ལྟོ་དང་གཅིག་ཁར་ ཚོད་བསྲེ་མ་བྱིན་པར་ ཟླཝ་༢ དེ་ཅིག་ ཡར་སོང་ཡི་ཟེར་ཨིན་པས།
འཛིན་སྐྱོང་པ་འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་སྒེར་དོན་གྱི་ གནད་དོན་ལུ་བརྟེན་ཏེ་ རོ་ཁྱི་བཞག་སའི་ས་ཁོངས་ནང་ ལྷོད་མ་ཚུགས་ཟེར་ཨིནམ་ད་ རོ་ཁྱི་གི་དོན་ལས་ ཟླཝ་༡ ལུ་ དངུལ་ཀྲམ་༡༢,༠༠༠ དེ་ཅིག་གནས་པའི་ རྒྱགས་སྐལ་ཚུ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རོ་ཁྱིའི་ལྟོ་ ཉོ་ནིའི་དོན་ལས་ མ་དངུལ་ཚུ་ རོ་ཁྱི་བཞག་ཁང་ གཞི་བཙུགས་འབད་མི་ ཀརྨ་བསྟན་འཛིན་གྱིས་ བྱིན་དོ་ཟེར་ཨིནམ་ད་ ཁོ་ར་ཕྱིའི་རྒྱལ་ཁབ་ལུ་ སྡོད་མི་ཅིག་ཨིན་རུང་ རོ་ཁྱི་ཚུ་གི་དོན་ལུ་ མ་དངུལ་ཚུ་ དུས་ཚོད་ཁར་ བྱིན་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མའི་ནང་ རོ་ཁྱི་ཚུ་རྨ་ཐོན་མི་དང་ སྔོན་མ་ལས་ར་ སྨན་བཅོས་འབད་དགོཔ་ཡོད་པ་ཅིན་ བཀྲིས་སྒང་ལུ་ཡོད་པའི་ སྒོ་ནོར་འཕྲོད་བསྟེན་སྨན་ཁང་དང་ གྲོས་བསྟུན་འབད་དེ་ སྨན་བཅོས་འབད་དོ་ཟེར་ཨིན་པས།
རོ་ཁྱི་ཚུ་ འཁོར་ལམ་བདའ་སྟེ་ བཏང་བཞག་མི་ལས་ རོ་ཁྱི་བཞག་ཁང་ནང་ བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ འཛིན་སྐྱོང་པ་གིས་བཤད་པའི་ཁར་ ལྟ་བཤལ་པ་རེ་གཉིས་དང་ ཚོང་པ་རེ་གཉིས་མ་གཏོགས་ ད་ལྟོ་ཚུན་ཚོད་ རོ་ཁྱི་བཞག་སའི་ས་ཁོངས་ནང་ ག་ཡང་འོང་ས་མ་མཐོང་ཟེར་ཨིནམ་ད་ རོ་ཁྱི་ཚུ་ལུ་ ཁས་བླངས་ཐོག་ལས་ ལྟོ་བཀྲམ་སྤེལ་འབད་མི་ ག་ཡང་མ་འཐོན་ཟེར་ཨིན་པས།
ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ ཨ་རྟག་ར་ ལྟོ་རྐྱངམ་གཅིག་ར་ བྱིན་ནི་དེ་གིས་ བཟའ་མི་བཏུབ་པས་ཟེར་ཨིནམ་ད་ རོ་ཁྱི་ཞན་ཁོག་ཚུ་ ཕྱགས་སྙིགས་རག་རོག་ཡོད་སར་བཏངམ་ད་ བཞེས་སྒོ་ལེགས་ཤོམ་ཐོབ་ཡོདཔ་ལས་ ཕྱགས་སྙིགས་བླུགས་སར་ རོ་ཁྱི་ཚུ་བཏང་མི་དེ་ གནད་དོན་དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རོ་ཁྱི་ཚུ་ཉི་མར་ རོ་ཁྱི་བཞག་སའི་ས་ཁོངས་དང་ ཕྱགས་སྙིགས་བླུགས་སའི་ཉེ་འདབས་ལུ་ དེ་སྦེ་ར་ བཏང་བཞག་རུང་ རོ་ཁྱི་ཚུ་ཕྱི་རུ་ ཁོང་ར་སྡོད་སའི་ཁྱིམ་ནང་ འོང་ནི་འདུག་ཟེར་ཨིན་པས།
ས་རྩ་ལོ་ལུ་ ས་ཆ་ཨེ་ཀར་༨༦ དེ་ཅིག་ནང་རྐྱབ་ཡོད་མི་ ཀ་རུ་ན་རོ་ཁྱི་བཞག་སའི་ ས་ཁོངས་དེ་ སྤྱི་ལོ་༢༠༠༨ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།