ཀ་ཊར་ལུ་ ལཱ་འབད་མི་ ན་གཞོན་ཚུ་གིས་ ལག་ལེན་ལམ་ལུགས་ བསྒྱུར་བཅོས་འབད་ཡོད་པའི་ཉོགས་བཤད།

༉ ལས་གཡོག་ལྷན་ཁག་གིས་ ཀ་ཊར་ལུ་ ཤ་ཀེབ་ ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ལས་ལྷོད་པའི་ ཉོགས་བཤད་ལུ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཤ་ཀེབ་ ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ ལཱ་འབད་ནིའི་དོན་ལུ་ ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ འབྲུག་པའི་ན་གཞོན་༤༢ དེ་ཅིག་ ལཱ་འབད་བར་ བཏང་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ མི་སྡེའི་བརྡ་བརྒྱུད་ ཕེསི་བུག་ཐོག་ལས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ འགོ་དཔོན་ཅིག་ལུ་ ལཱ་གི་གནས་སྟངས་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ལྷན་ཁག་གིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།
ན་གཞོན་ཚུ་གིས་ ཉོགས་བཤད་བཀོད་མི་དང་འཁྲིལཝ་ད་ ཧེ་མ་ ལས་སྡེ་དེ་གིས་ གནས་ཚད་ཅན་གྱི་ ཟ་ཁང་སྦོམ་ཚུ་ནང་ ལཱ་འབད་ནི་དང་ ལཱ་འབད་ནིའི་ དུས་ཡུན་དེ་ཡང་ ཆུ་ཚོད་༨ དང་ དུས་ཐེབས་༡ དང་༢ རྐྱངམ་གཅིག་ འབད་དགོ་པའི་ སླབ་ཡོད་རུང་ ད་རེས་ ཆུ་ཚོད་༡༢ དེ་རེ་ ལཱ་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བདུན་ཕྲུག་ངལ་གསོ་ཡང་ ཐོབ་ཟེར་སླབ་ཡོད་རུང་ མི་ཐོབ་པས་ཟེར་ཨིནམ་ད་ ལས་སྡེ་ལུ་ ན་གཞོན་ཚུ་གི་ ཉོགས་བཤད་བཀོད་རུང་ ངོས་ལེན་འབད་མི་བཏུབ་པའི་ཁར་ ལས་སྡེ་དང་ ལྷན་ཁག་གི་བར་ན་ ལག་ལེན་ལམ་ལུགས་ཅིག་ བཟོ་ཐོག་ལས་ མཚན་རྟགས་བཀོད་མི་དེ་ བསྒྱུར་བཅོས་འབད་ནུག་ཟེར་ཨིན་པས།
ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེ་ལུ་ གནད་དོན་དེ་གི་སྐོར་ལས་ བདེན་ཁུངས་བཤད་དགོ་པའི་ཁར་ དཀའ་ངལ་དེ་ ག་དེ་མགྱོགས་མགྱོགས་ སེལ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ ལྷན་ཁག་གི་ འགོ་དཔོན་དག་པ་ཅིག་ ཀ་ཊར་ལུ་ཡོདཔ་ལས་ ཁོང་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་བཞིན་དུ་ ད་ལྟོ་ སྙན་ཞུ་ལུ་ བསྒུག་དོ་ཟེར་ བཤདཔ་ཨིན་པས།
ན་གཞོན་ཚུ་གིས་ ཟླ་རིམ་དངུལ་ཕོགས་ ཀ་ཏ་རི་ཡ་ རི་ཡེལསི་༡༡,༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ཇོ་བདག་ བསོད་ནམས་སྟོབས་རྒྱས་ཀྱིས་ ཡིག་ཐོག་ལུ་ ལས་གཡོག་ལྷན་ཁག་ལུ་ བདེན་ཁུངས་བཀོད་མི་དང་འཁྲིལཝ་ད་ ན་གཞོན་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ ལཱ་ཚུ་ཡང་ ཀ་ཊར་ལུ་ ཤ་ཀེབ་ ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ འབད་ནིའི་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ དེ་གི་གནས་སྟངས་སྐོར་ལས་ གསལ་ཏོག་ཏོ་སྦེ་ བཤད་བྱིན་པའི་ཤུལ་ལུ་རྐྱངམ་གཅིག་ ལས་གཡོག་ལྷན་ཁག་དང་གཅིག་ཁར་ མཚན་རྟགས་བཀོད་ཅི་ཟེར་ཨིན་པས།
ལས་སྡེའི་ཁ་ཐུག་ལས་ གནས་ཚད་ཅན་གྱི་ ཟ་ཁང་དེ་ནང་ ལཱ་བྱིན་ནི་ཨིན་ཟེར་ཡང་ མ་སླབ་ཟེར་ཨིནམ་ད་ ལས་བྱེདཔ་ཚུ་གིས་ ལས་སྡེ་ནང་ ཉོགས་བཤད་རེ་གཉིས་ ལྷོད་མི་ཚུ་ག་ར་ སེལ་བྱིན་ཡོདཔ་མ་ཚད་ ལཱ་འབད་ནིའི་ དུས་ཡུན་སྐོར་ལས་ཡང་ ཞལ་འཛོམས་དང་ གདམ་འཐུའི་དྲི་བ་དྲིས་ལན་སྐབས་ དྭངས་གསལ་སྦེ་ བཤད་བྱིན་པའི་ཁར་ གོ་སྐབས་ཀྱི་ ཡི་གུ་ནང་ཡང་ ལག་ལེན་དགོས་མཁོ་དང་འཁྲིལ་ཏེ་ འབད་དགོཔ་སྦེ་ འཁོད་དེ་ཡོད་ཟེར་ བདེན་ཁུངས་ཀྱི་ ཡི་གུ་ནང་བཀོད་ནུག།
དེ་མ་ཚད་ ལས་སྡེ་དེ་གིས་ ལཱ་འབད་བའི་སྐབས་ གསོལ་རས་ཚུ་འཐོབ་ནིའི་ ལམ་ལུགས་ཡོདཔ་ལས་ ཏི་རུ་དེ་གིས་ ཟླ་རིམ་ཟད་འགྲོ་གཏང་ནི་ལུ་ ལང་ཚུགས་ཟེར་ སླབ་མི་དེ་ ཕྱི་འགྱུར་ཨིན་མས་ཟེར་ ཉོགས་བཤད་བཀོད་ནུག།
ལས་སྡེ་གིས་འབད་བ་ཅིན་ ཞབས་ཏོག་དེ་ནང་ ལཱ་འབད་མི་ མང་ཤོས་ཅིག་གིས་ ཟླཝ་རེ་ནང་ ཉིནམ་༢ དང་༣ དེ་རེ་ ངལ་གསོ་ཐོབ་ཡོད་པའི་ཁར་ ལ་ལོ་གིས་ བདུན་ཕྲག་གི་ ངལ་གསོ་ཡང་ ཐོབ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ལས་བྱེདཔ་ཚུ་ ལཱ་ག་ཅི་ནང་ར་བཙུགས་རུང་ ཧེ་མ་ར་ ལཱ་གི་གནས་སྟངས་དང་ ཁག་ཆེ་ཧིང་སྐོར་ལས་ བཤད་བྱིན་དོ་ཟེར་ཨིནམ་མ་ཚད་ གོ་སྐབས་ཡི་གུ་ནང་ མ་བཀོད་པའི་ ལོ་རྒྱུས་ཕུད་རྡོག་གཅིག་ཡང་ ཁས་ལེན་འབད་ནི་མེད་ཟེར་ ལས་སྡེ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ལས་སྡེ་གིས་འབད་བ་ཅིན་ ལ་ལོ་ཅིག་གིས་ ཟླ་རིམ་དངུལ་ཕོགས་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ ཉོགས་བཤད་ལྷོད་མི་ཚུ་ཡང་ དེ་འཕྲོ་ལས་ ཞབས་ཏོག་གི་ འཛིན་སྐྱོང་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ དགོས་མཁོའི་ཡིག་ཆ་ཚུ་ བཏང་ཡོདཔ་མ་ཚད་ གནད་དོན་དེ་གི་སྐོར་ལས་ ལས་སྡེ་དང་གཅིག་ཁར་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་གྱིས་འབད་བ་ཅིན་ ཉོགས་བཤད་དེ་ ཞབས་ཏོག་དེ་ནང་ ལཱ་འབད་མི་ ག་ར་གིས་ འབད་འབདཝ་མེན་པར་ རེ་གཉིས་ཀྱིས་ འབད་དོ་བཟུམ་ མཐོང་ཡི་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ བདེན་པ་ཡོདཔ་སྦེ་ ཐོན་པ་ཅིན་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ ལས་སྡེ་དེ་གིས་ར་ ལོག་ཁྱིད་འོང་དགོ་ཟེར་ཨིནམ་ད་ ན་གཞོན་ལ་ལོ་ཅིག་ ཀ་ཊར་ལུ་ར་ ལཱ་འབད་ནིའི་ དང་འདོད་ཡོད་པ་ཅིན་ ལས་སྡེ་དེ་གིས་ ལཱ་དེ་ འཚོལ་བྱིན་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *